[489B] །།༄༅། །རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་ཡ་བྱཱ་ཀ་ར་ཎ། བོད་སྐད་དུ། འཕགས་པ་བྱམས་པ་ལུང་བསྟན་པ་འཕགས་པ་ [490A]༄༅། །བྱམས་པ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྡེ་དཔོན་ཁྱབ་བདག་དཔལ། །ཤེས་རབ་ཆེན་པོ་ཤཱ་རིའི་བུས། །འཇིག་རྟེན་རྣམས་ལ་སྙིང་བརྩེའི་ཕྱིར།། སྟོན་པ་ལ་ནི་ཡོངས་ཞུས་པ། །སྔོན་དང་ཕྱི་མཐའི་མདོ་ལས་ནི་།མ་འོངས་པ་ཡི་སངས་རྒྱས་གང། །འཇིག་རྟེན་འདྲེན་པར་མཛད་པ་པོ། །བྱམས་པ་ཞེས་བྱ་བསྟན་པ་དེ། །འདྲེན་ པ་བདག་ནི་དེའི་མཐུ་དང། །རྫུ་འཕྲུལ་དང་ནི་དོན་ཐམས་ཅད་།རྒྱས་པར་རབ་ཏུ་ཉན་འཚལ་ནི། །དེ་ནི་མི་མཆོག་བདག་ལ་གསུངས་།དེ་ལ་སྟོན་པས་བཀའ་སྩལ་པ། །སངས་ རྒྱས་བྱམས་པའི་མཆོག་དེའི། །འབྱོར་པ་རྒྱས་པར་ཁྱོད་ལ་ངས་།ལུང་བསྟན་བྱ་ཡི་ང་ལ་ཉོན། །དེ་ཡི་ཚེ་ན་རྒྱ་མཚོ་ནི། །ཁོར་ཡུག་ཏུ་ནི་དཔག་ཚད་བརྒྱ། །སྐམ་པར་འགྱུར་ཏེ་དེ་ ཡང་ནི༑ ༑འཁོར་ལོས་བསྒྱུར་བའི་ལམ་བཟང་ཡིན། །དེ་ཚེ་ཛམྦུའི་གླིང་འདི་ཡང། །ཆུ་ཞེང་ཐ་གྲུ་མཉམ་པར་ནི། །དཔག་ཚད་སྟོང་ཕྲག་བཅུ་པ་སྟེ། །འབྱུང་པོ་ཀུན་གྱི་གནས་སུ་ འགྱུར༑ ༑དེ་ཡི་ཚེ་ན་ཡུལ་གྱི་མི། །དར་ཅིང་འབྱོར་ལ་ཆད་པ་མེད་།འཚེ་མེད་མི་ནི་དེ་དག་ཀྱང། །དགེ་བ་བྱེད་པ་དག་ཏུ་འགྱུར། །ས་གཞི་ཚེར་མ་མེད་པ་དང། །མཉམ་ཞིང་ནེའུ་གསིང་ སྔོ་དང་ལྡན། །འཕར་ཞིང་ནེམ་ཞེས་བྱེད་པ་སྟེ། །ཤིང་བལ་འདབ་མ་བཞིན་དུ་འཇམ། །མངར་ཞིང་དྲི་ནི་ཞིམ་པ་ཡི། །སཱ་ལུ་མ་རྨོས་པར་སྐྱེའོ། །སྣ་ཚོགས་ཚོན་གྱིས་མཛེས་བྱས་ [490B] ༑གོས་ཀྱི་ལྗོན་ཤིང་འབྱུང་བར་འགྱུར། །མེ་ཏོག་ལོ་མ་འབྲས་ལྡན་པའི། །ལྗོན་ཤིང་འཕང་དུ་རྒྱང་གྲགས་འབྱུང། །དེ་དག་རྣམས་ཀྱི་ཚེ་ལོ་ནི། །བརྒྱད་ཁྲི་ཁོ་ན་ཐུབ་པར་འགྱུར། ། སེམས་ཅན་དེ་དག་སྐྱོན་མེད་ཅིང། །ཉེས་བྲལ་སྤྲོ་བ་ཚེ་དང་ལྡན་པ། །ལུས་ཆེན་ཁ་དོག་ལྡན་པ་སྟེ། །ཚན་པོ་ཆོ་ཡི་སྟོབས་དང་ལྡན། །ནད་ནི་གསུམ་ཞིག་འབྱུང་བར་འགྱུར། །འདོད་དང་མི་ ཟ་རྒ་བའོ༑ ༑བུ་མོ་ལ་ནི་ལྔ་བརྒྱ་དག་ལོན་ནས་ཁྱོ་ལ་བག་མར་འགྲོ་དེ་ཚེ་ཏོག་ལྡན་ཞེས་བྱ་བའི། །རྒྱལ་པོའི་ཕོ་བྲང་འབྱུང་འགྱུར་ཏེ། །སྲོག་ཆགས་དགེ་བའི་ལས་བྱེད་པའི། །སེམས་ ཅན་རྣམས་ཀྱི་གནས་ཡིན་ནོ། །ཆུར་ནི་དཔག་ཚད་བཅུ་གཉིས་ཏེ་།རྒྱར་ནི་དཔག་ཚད་བདུན་ཡོད་པའི། །བསོད་ནམས་བྱས་པ་རྣམ་དག་གི་།གྲོང་ཁྱེར་ཡིད་འོང་འབྱུང་བར་འགྱུར། ། རིན་ཆེན་བདུན་ལས་བྱས་མཐོ་བའི། །ར་བ་འཕང་དུ་རྒྱང་གྲགས་འབྱུང། །ཤིང་ཐགས་དང་ནི་སྒོ་ཁང་རྣམས། །རིན་ཆེན་སྣ་ཚོགས་དག་གིས་བརྒྱན། །རིན་ཆེན་སོ་ཕག་གིས་བརྩེགས་ ཤིང། །པདྨ་ཨུཏྤལ་གཅལ་དུ་བཀྲམ། །དུར་པས་མཛེས་པར་བྱས་པ་ཡི། །འོབས་ཀྱང་འབྱུང་བ་ཁོ་ནར་འགྱུར། །ཁོར་ཡུག་ཏུ་ནི་ཏ་ལ་ཡི། །ཕྲེང་བ་བདུན་གྱིས་ཡོངས་སུ་བསྐོར། །དྲིལ་ བུའི་དྲ་བས་མཛེས་བྱས་པ། །རིན་ཆེན་བཞི་རྒྱུའི་ཏ་ལ་དག་།རླུང་བསྐྱོད་ཏ་ལ་དེ་དག་ལས། །སྙན་པའི་སྒྲ་ནི་འདི་ལྟར་དཔེར། །སིལ་སྙན་ཡན་ལག་ལྔ་ལྡན་བཞིན། །དེ་ལས་ཡིད་འོང་ [491A]༄༅། །སྒྲ་གྲག་འགྱུར། །མི་རྣམས་གང་དག་གྲོང་ཁྱེར་དེར་།རྩེ་དགའ་བདེ་དོན་གཉེར་བ་རྣམས། །དེ་དག་ཏ་ལའི་སྒྲ་དེ་ཡིས་།རབ་ཏུ་མགུ་ཞིང་རྩེན་པར་ བྱེད༑ ༑ཨུཏྤལ་ཀུ་མུ་དས་གང་བའི། །རྫིང་བུ་དག་ཀྱང་འབྱུང་བར་འགྱུར། །གྲོང་དེ་སྐྱེད་མོས་ཚལ་དང་ནི། །ནགས་ཚལ་ཕུན་སུམ་ཚོགས་པར་འགྱུར། །དེར་ནི་དུང་ཞེས་བྱ་བ་ཡི། ། རྒྱལ་པོ་གཟི་བརྗིད་ཆེ་ལྡན་ཞིང། །སྟོབས་ཆེ་གླིང་བཞིའི་དབང་ཕྱུག་པ། །མངའ་བདག་འཁོར་ལོས་བསྒྱུར་བ་འབྱུང། །དཔུང་གི་ཡན་ལག་བཞི་འབྱོར་ཅིང། །རིན་ཆེན་བདུན་དང་ ཡང་དག་ལྡན། །རྒྱལ་པོ་དེ་ཡི་སྲས་རྣམས་ནི། །སྟོང་དུ་ཚང་བར་འབྱུང་བར་འགྱུར། །མི་ཡི་དབང་པོ་དེ་ཡང་ནི། །ས་འདི་རྒྱ་མཚོའི་མཐའ་ཀླས་པར། །ཆད་པ་མེད་ཅིང་ཆོས་དང་ནི། ། མཐུན་པས་ཡོངས་སུ་སྐྱོང་བར་འགྱུར། །དེ་ཚེ་དུང་ཞེས་བྱ་བ་ཡི་།ས་བདག་རྒྱལ་པོ་དེ་ལ་ནི། །རིན་ཆེན་ཁྲག་ཁྲིག་བརྒྱས་མཚོན་པའི། །གཏེར་ཆེན་བཞི་ནི་འབྱུང་བར་འགྱུར། །སུ་ ཡི་མཚན་ནི་སེར་སྐྱ་སྟ། །བཅོམ་བརླག་ན་ནི་དཀར་པོ་ཡིན། །ས་འཛིན་ན་ནི་ཨེ་ལའི་འདབ། །ཝཱ་ར་ཎཱ་སིའི་གྲོང་ཁྱེར་དུང་།གཏེར་ནི་བཞི་པོ་ཁོ་ན་དང། །རྒྱལ་པོ་ཡང་དག་ལྡན་པར་ ནི༑ ༑འབྱུང་འགྱུར་དཔའ་པོ་ཆེན་པོ་དེ། །བསོད་ནམས་བརྒྱ་ལོ་སྟོབས་ལས་སྐྱེས། །དེ་ཚེ་རྒྱལ་དེའི་མདུན་ན་འདོན། །བྲམ་ཟེ་ཚངས་རབ་ཅེས་བྱ་བ། །ཐོས་མང་རིག་བྱེད་བཞི་འདོན་པའི། ། [491B] །འདོན་དུ་འཇུག་དང་གསང་ཚིག་འཛིན། །དྲན་ལྡན་རིག་བྱེད་གཞུང་འགྲེལ་དང། །སྒྲ་ངེས་སྦྱོར་བཅས་ཕ་རོལ་ཕྱིན། །བརྡ་སྤྲོད་པ་དང་ཚིག་དང་ལྡན།། དེ་ཚེ་དེ་ཡི་ཆུང་མ་ནི། །ཚངས་ལྡན་མ་ཞེས་བྱ་བ་སྟེ། །མཛེས་ཤིང་བལྟ་ན་སྡུག་པ་དང། །གཟུགས་མཐོང་གྲགས་དང་ལྡན་པ་འབྱུང། །བྱམས་པ་གང་ཟག་མཆོག་གྱུར་པ། །དགའ་ལྡན་ གནས་ནས་ཤི་འཕོས་ནས། །དེ་ཚེ་དེ་ཡི་ལྷུམས་སུ་ནི། །ངེས་པར་ཉིང་མཚམས་སྦྱོར་བར་འགྱུར། །གཟི་བརྗིད་ཆེན་པོ་ཟླ་བ་བཅུ་།ཚངས་པར་ལྷུམས་སུ་ཞུགས་ནས་ཀྱང། །བྱམས་ པའི་ཡུམ་ནི་སྐྱེད་མོས་ཚལ། །མེ་ཏོག་བཟང་རྒྱས་ནང་གཤེགས་ནས་།ཆོས་སྟོན་མ་དེ་མི་འདུག་ཅིང། །མི་ཉལ་འགྲེང་བཞིན་དག་ཏུ་ནི་།ཤིང་གི་ཡལ་ག་ལ་བཟུང་ནས། ། བྱམས་པ་བལྟམས་པ་ཉིད་དུ་འགྱུར། །མི་ཡི་མཆོག་ཏུ་གྱུར་པ་དེ་།གློ་གཡས་ནས་ནི་འབྱུང་འགྱུར་ཏེ། །དཔེར་ན་སྤྲིན་གྱི་ཕུང་པོ་ནས། །ཉི་མ་བྱུང་བ་བཞིན་དུ་གསལ། །ཇི་ལྟར་ ཆུ་ཡི་པདྨ་བཞིན། །མངལ་གྱི་འདམ་གྱིས་མི་གོས་སོ། །ཁམས་གསུམ་འདི་ནི་ཐམས་ཅད་དུ། །འོད་ཀྱིས་རྒྱས་པར་འགེངས་པར་འགྱུར། །དེ་ནས་བརྒྱ་བྱིན་ལྷ་དབང་པོ། །བདེ་ སོགས་མངའ་བདག་དགའ་གྱུར་ནས། །བྱམས་པ་རྐང་གཉིས་མཆོག་གྱུར་པ། །བལྟམས་པའི་ཚེ་ན་ལོན་པར་འགྱུར། །དེ་ནི་བལྟམས་མ་ཐག་ཏུ་ཡང། །གོམ་པ་བདུན་དག་ [492A]༄༅། །འདོར་བར་འགྱུར། །གོམ་པ་རེ་རེར་གཏེར་དང་ནི། །པདྨ་རེ་རེ་འབྱུང་བར་འགྱུར། །ཕྱོགས་བཞི་དག་ཏུ་གཟིགས་ནས་ནི། །བདག་གི་སྐྱེ་བ་ཐ་མས་ ནི༑ ༑འདི་ཡིན་ཡང་སྲིད་ཡོད་མ་ཡིན། །ཡང་དང་ཡང་དུ་ཕྱིར་མི་འོང། །ཟག་མད་མྱ་ངན་འདས་འགྲོ་ཞེས། །གསུང་ཡང་རབ་ཏུ་བཀའ་སྩལ་ཏོ། །ཀླུ་རྣམས་ཀྱིས་ནི་ཆུ་ ཡི་རྒྱུན༑ ༑བསིལ་དང་འཇམ་པས་སྐུ་བསིལ་འགྱུར། །ནམ་མཁའི་ངོས་ནས་ལྷ་རྫས་ཀྱི། །གོས་དང་མེ་ཏོག་འབབ་པར་འགྱུར། །དེ་ཡི་དབུ་ལ་གདུགས་དཀར་པོ། །ལྷ་ རྣམས་ཀྱིས་ནི་འཛིན་པར་འགྱུར། །མཚན་མཆོག་སུམ་ཅུ་གཉིས་མངའ་བ། །བྱམས་པ་དཔལ་གྱིས་འབར་བ་དེ། །མ་མས་ཡང་དག་བླངས་ནས་སུ། །ཡུམ་གྱི་ ཕྱག་ཏུ་འབུལ་བར་འགྱུར། །རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་།ཁྱོགས་ནི་ཡིད་དུ་འོང་བ་ལ། །སྲས་དང་བཅས་པར་བཞུགས་གསོལ་ནས། །ལྷ་རྣམས་ཀྱིས་ནི་ ཁྱེར་བར་འགྱུར། །སིལ་སྙན་སྟོང་ཕྲག་དུ་མ་དག་སྒྲ་འབྱིན་འཁྲོལ་བའི་གྲོང་ཁྱེར་དེར། །བྱམས་པ་གཤེགས་པ་ཙམ་གྱིས་ནི་།མེ་ཏོག་ཆར་བ་འབབ་པ་འགྱུར། ། དེ་ཡི་ཉིན་པར་སྦྲུམ་པ་ཡི། །བུད་མེད་རྣམས་ཀྱང་བཙའ་བར་འགྱུར་།དེ་དག་ཐམས་ཅད་ཉམས་བདེ་ཞིང། །བདེ་ལེགས་སུ་ནི་བཙའ་བར་འགྱུར། །ཚངས་རབ་ཚེན་[?] [492B] །ལྡན་པའི་སྲས་དེ་མཐོང་ནས་ནི་།གསང་ཚིག་དགལ་རབ་བརྟགས་ནས། །དེ་ཡི་འོག་ཏུ་དགའ་བར་འགྱུར་།ཇི་ལྟར་གསང་ཚིག་ལས་འབྱུང་ བཞིན༑ ༑གཞོན་ནུའི་འགྲོ་བ་གཉིས་ཡིན་ཏེ། །མི་དབང་འཁོར་ལོས་བསྒྱུར་བའམ། །སངས་རྒྱས་རྐང་གཉིས་མཆོག་ཏུ་འགྱུར། །བྱམས་པ་རྐང་གཉིས་མཆོག་ གྱུར་པ༑ ༑དཔལ་དེ་ན་ཚོད་རྫོགས་ནས་ནི། །སྐྱེ་རྒུ་འདི་ནི་སྡུག་བསྔལ་སྙམ། །ཆོས་ཀྱི་བདག་ཉིད་དགོངས་པར་མཛད། །དབྱངས་ཆེ་ཚངས་པའི་དབྱངས་དང་ལྡན། །འོད་ ཆེ་གསེར་གྱི་མདོག་དང་ལྡན། །སྟེང་ཕེལ་ཆེ་ཞིང་ཐལ་གོང་རྒྱས། །པདྨའི་འདབ་མ་འདྲ་བའི་སྤྱན། །དེ་ཡི་སྐུ་ཡི་ཁྲུན་དུ་ནི། །ཁྲུ་ནི་བརྒྱད་ཅུ་དག་ཏུ་འགྱུར། །ཞེང་ནི་ཁྲུ་རྣམས་ ཉི་ཤུ་སྟེ༑ ༑ཞལ་གྱི་དཀྱིལ་འཁོར་དེ་ཡི་ཕྱེད། །བྱམས་པ་དེ་ནི་བྲམ་ཟེའི་བུ། །སྟོང་ཕྲག་བཞི་པོ་དག་དང་ནི། །བརྒྱད་ཅུས་མདུན་དུ་བདར་ནས་ནི། །གསང་ཚིག་དག་ཀྱང་ འདོན་དུ་འཇུག་དེ་ནས་རྒྱལ་པོ་ཆེན་པོ་དུང། །སྤོམས་སུ་འདོམ་ནི་དྲུག་ཅུ་བཞི། །འཕང་དུ་འདོམ་ནི་སྟོང་ཡོད་པའི། །མཆོད་སྡོང་ཞིག་ནི་འཛུགས་པར་འགྱུར། །མི་དབང་ དེ་ཡིས་མཆོད་སྡོང་དེ། །རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་ནས་།མཆོད་སྦྱིན་གྱིས་ནི་སྤྱན་དྲངས་ཏེ། །བྲམ་ཟེ་དག་ལ་རབ་ཏུ་འབུལ། །མཆོད་སྡོང་ཡིད་འོང་རིན་ཆེན་རྒྱུ། །དེ་ནི་ [493A]༄༅། །ཕུལ་མ་ཐག་ཏུ་ཡང། །བྲམ་ཟེ་སྟོང་པོ་རྣམས་ཀྱིས་ནི་།དེ་མི་མོད་ལ་བགེད་པར་གྱུར། །བྱམས་པས་མཆོད་སྡོང་དེ་ཡི་ནི། །མི་རྟག་ཉིད་དེ་ མཐོང་ནས་ཀྱང། །འཁོར་བ་མཐའ་དག་རྣམས་བསམ་སྟེ། །རབ་ཏུ་འབྱུང་བར་འདོད་པར་འགྱུར། །འདིར་བདག་རབ་ཏུ་བྱུང་ནས་ནི། །བདུད་རྩིའི་གོ་འཕང་རེག་འགྱུར་དང། །སྐྱེ་ བོ་འཆི་བདག་ནད་རྒ་བའི། །འཇིགས་ལས་འགྲོལ་བར་འགྱུར་སྙམ་ཞེས་།སྐྱེ་བོ་རབ་དང་གཟིགས་ནས་ནི། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང། །སྡུག་བསྔལ་ཡང་ དག་འགོག་པ་དང། །བདེ་བ་མྱ་ངན་ལས་འདས་འགྲོ། །འཕགས་ལམ་ཡན་ལག་བརྒྱད་པ་ཡི། །བདེན་པ་དག་ཀྱང་སྟོན་པར་འགྱུར། །དེ་ཡི་ཆོས་དེ་ཐོས་ནས་ཀྱང། །བསྟན་ པ་ལ་ནི་ནན་ཏན་སྒྲུབ། །བྱམས་པ་གང་ཟག་མཆོག་གྱུར་དེ། །སྟོང་ཕྲག་བཞི་པོ་དག་དང་ནི། །བརྒྱད་ཅུ་དག་གིས་མདུན་བདར་ནས། །རབ་ཏུ་འབྱུང་བར་ངེས་འབྱུང་ འགྱུར༑ ༑དེ་ཚེ་དེ་ཡི་བྱང་ཆུབ་ཤིང། །ཀླུ་ཤིང་ཞེས་བྱ་འབྱུང་འགྱུར་ཏེ། །དེ་ཡི་ཡལ་ག་གནམ་འཕང་དུ། །དཔག་ཚད་ཙམ་དུ་ཡང་དག་འཕགས། །དེ་ནི་བྱང་ཆུབ་ཤིང་ དེ་ཡི༑ ༑ཡལ་ག་གེལ་པ་ཐམས་ཅད་དུ། །ཁོ་ར་ཁོར་ཡུག་རྒྱང་གྲགས་དྲུག་ཁེབས་པ་ཁོ་ན་དག་ཏུ་འགྱུར། །བྱམས་པ་རྐང་གཉིས་མཆོག་གྱུར་དེ། །དེ་ཡི་དྲུང་དུ་གཤེགས་ནས་ [493B] ༑བླ་མེད་བྱང་ཆུབ་ཞི་བ་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །གང་གི་ནུབ་མོ་ཁོ་ན་ལ། །རབ་ཏུ་འབྱུང་བར་མངོན་འབྱུང་བ། །དེ་ཡི་ནུབ་མོ་ཁོ་ན་ལ། །བྱང་ཆུབ་དམ་པ་འཐོབ་པར་ འགྱུར༑ ༑དེ་ཡི་འོག་ཏུ་ཐུབ་མཆོག་གོ་དམ་ཆོས་སྡུག་བསྔལ་ཀུན་སྤོང་ཞིང། །ཞི་བ་ཡན་ལག་བརྒྱད་ལྡན་པའི། །གསུང་གིས་སྟོན་པར་མཛད་པར་འགྱུར། །མེ་ཏོག་མཛེས་པ་བརྒྱུས་པ་ ཡི༑ ༑སྐྱེད་མོས་ཚལ་དུ་དེ་ཡི་འཁོར། །དཔག་ཚད་བརྒྱ་ཁྱོན་གང་བ་དག་ཡང་དག་འདུ་བ་ཁོ་ནར་འགྱུར། །དེ་ནས་མི་དབང་རྒྱལ་པོ་དུང། །གྲགས་པ་ཆེན་པོས་ཐོས་ནས་ནི། །སྦྱིན་པ་གྲངས་ མེད་བྱས་ནས་ཀྱང། །རབ་ཏུ་འབྱུང་བར་འདོད་པར་འགྱུར། །རྒྱལ་པོ་སྟོང་ཕྲག་བཞི་དང་ནི། །བརྒྱད་ཅུ་དག་གིས་མདུན་བདར་ཏེ། །ཁྱིམ་ནས་དེས་པར་བྱུང་ནས་ནི། །རབ་ཏུ་འབྱུང་བར་འགྲོ་ བར་འགྱུར། །བྱམས་པའི་ཡབ་ཀྱང་དེ་བཞིན་དུ། །དེ་ཡི་ཚད་དང་མཉམ་པ་ཡི། །བྲམ་ཟེ་རྣམས་ཀྱིས་མདུན་བདར་ནས། །རབ་ཏུ་འབྱུང་བར་འགྲོ་བར་འགྱུར། །དེ་ནས་དེ་ཚེ་ཁྱིམ་བདག་ནི། ། ནོར་བཟང་ཚོགས་ནི་རྣམ་གྲགས་པ། །ཆོས་ཀྱི་བདག་ཉིད་སྟོང་དག་གིས། །བསྐོར་ནས་རབ་ཏུ་འབྱུང་བར་འགྱུར། །དུང་གི་བུད་མེད་རིན་པོ་ཆེ། །ས་ག་ཞེས་ནི་རྣམ་གྲགས་པ། །བུད་མེད་ སྟོང་ཕྲག་བཞི་དང་ནི། །བརྒྱད་ཅུ་དག་གིས་མདུན་བདར་ཏེ། །དེ་ཡི་འོག་ཏུ་མངོན་བྱུང་ནས། །རབ་ཏུ་འབྱུང་བར་འགྲོ་བར་འགྱུར། །དེ་ཡི་ཚེ་ན་བྱམས་པ་ཡི། །བསྟན་པ་ལ་ནི་སྲོག་ཆགས་ [494A]༄༅། །དག་སྟོང་ཕྲག་དང་ནི་བརྒྱ་ཕྲག་རྣམས། །རབ་ཏུ་འབྱུང་བར་འགྲོ་བར་འགྱུར། །དེ་ཡི་འོག་ཏུ་ཐུགས་རྗེ་ཅན། །སྟོན་པ་བྱམས་པ་རྐང་གཉིས་མཆོག་ འཁོར་ལོ་རྣམ་པར་གཟིགས་ནས་ནི། །ཤཱཀྱ་སེངྒེ་ཐུབ་པ་སྟེ་།གཙོ་བོ་སྐྱོབ་པར་མཛད་པ་པོ། །དམ་པའི་ཆོས་དབྱིངས་གཟིགས་གྱུར་པ། །འཇིག་རྟེན་མགོན་པོས་འདི་དག་ཀུན། ། ཐར་པའི་ལམ་དེ་བསྐྱེད་ནས་ཀྱང། །དོན་གྱིས་ང་ཡི་བསྟན་ལ་བཏང། །གདུགས་དང་རྒྱལ་མཚན་པ་དན་དང། །དྲི་དང་ཕྲེང་བ་བྱུག་པ་ཡིས། །ཤཱཀྱ་ཐུབ་ལ་མཆོད་ནས་ནི། ། ང་ཡི་བསྟན་ལ་ལྷགས་པ་ཡིན། །གུར་གུམ་ཆུ་ཡིས་གདབ་པ་དང་།ཙནྡན་གྱི་ནི་བྱུག་པ་ཡིས། །ཤཱཀྱ་ཐུབ་པའི་མཆོད་རྟེན་ལ་།མཆོད་ནས་ང་ཡི་བསྟན་ལ་ལྷགས། །དེ་ ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ཡང་སྐྱབས་སོང་ཞིང། །དགེ་བའི་ལས་ཀྱང་བྱས་ནས་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །ཤཱཀྱ་སེངྒེའི་བསྟན་པ་ལ། །བསླབ་ གཞི་ཡང་དག་བླངས་ནས་སུ། །ཇི་ལྟར་གསུང་བཞིན་བསྒྲུབས་ནས་ནི་།ང་ཡི་བསྟན་ལ་ལྷགས་པ་ཡིན། །དགེ་འདུན་ལ་ཡང་ཆོས་གོས་དང་།ཞལ་ཟས་དང་ནི་བཏུང་བ་དང་ སྙུན་གསོས་སྣ་ཚོགས་སྦྱིན་པ་རྣམས། །ཕུལ་ནས་ང་ཡི་བསྟན་ལ་ལྷགས། །བཅུ་བཞི་དང་ནི་བཅོ་ལྔ་དང། །དེ་བཞིན་ཟླ་གཅིག་ཚེས་བརྒྱད་དང། །ཆོ་འཕྲུལ་ཝ་ཡི་ཟླ་བ་ལ། ། [494B] །བསྙེན་གནས་གསོ་སྦྱོང་བྱས་ནས་ནི། །ང་ཡི་བསྟན་ལ་ལྷགས་སོ་ཞེས། །དོན་འདི་རབ་ཏུ་གསུང་བར་འགྱུར། །དེ་ཡི་ཉན་ཐོས་རྣམས་ཀྱང་ནི། ། ཆོ་འཕྲུལ་གསུམ་གྱིས་འདུལ་བར་འགྱུར། །དེ་ཚེ་དེ་དག་ཐམས་ཅད་ནི་།ཟག་ཟད་འགྲོགས་ན་བདེ་བར་འགྱུར། །དེ་ཡི་འདུས་པ་དང་པོ་ནི་།ཉན་ཐོས་སྲིད་པ་བཅད་གྱུར་པ། །དུང་ཕྱུར་ཕྲག་ དགུ་བྱེ་ཕྲག་དྲུག་ཚང་བའི་ཉན་ཐོས་འབྱུང་བར་འགྱུར། །དེ་ཡི་འདུས་པ་གཉིས་པ་ནི། །ཉོན་མོངས་འཆིང་བ་ལས་གྲོལ་བའི། །དུང་ཕྱུར་ཕྲག་དགུ་བྱེ་ཕྲག་བཞི། །ཚང་བའི་ཉན་ཐོས་འབྱུང་ པར་འགྱུར། །དེ་ཡི་འདུས་པ་གསུམ་པ་ནི། །སེམས་ཞི་རྣམ་པར་གྲོལ་གྱུར་པ། །དུང་ཕྱུར་ཕྲག་དགུ་བྱེ་ཕྲག་གཉིས། །ཚང་བའི་ཉན་ཐོས་འབྱུང་བར་འགྱུར། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། ། ལྷ་དང་མི་རྣམས་རྣམ་བཏུལ་ཏེ། །ཉན་ཐོས་དགེ་འདུན་ཐབས་ཅིག་ཏུ་།གྲོང་དུ་བསོད་སྙོམས་སྤྱོད་ལ་རྒྱུ། །དེ་ནས་རྟོག་ལྡན་དགའ་ལྟ་ཡི། །གྲོང་ཁྱེར་དེར་ནི་གཤེགས་པ་ན། །གྲོང་ཁྱེར་ མཆོག་ཏུ་མནྡཱ་རའི། །མེ་ཏོག་ཆར་ཆེན་འབབ་པར་འགྱུར། །ཐུབ་པ་གྲོང་དེར་གཤེགས་པ་ལ། །ལྷ་ཡིས་མེ་ཏོག་འཐོར་བར་འགྱུར། །རྒྱལ་པོ་ཆེན་པོ་བཞི་དག་དང། །བརྒྱ་བྱིན་སུམ་ཅུ་ རྩ་གསུམ་དབང། །ཚངས་པ་ལྷ་སོགས་ཐབས་ཅིག་ཏུ། །དེ་ལ་མཆོད་པ་བྱེད་པར་འགྱུར། །ལྷ་ཡི་བུ་ནི་མཐུ་ཆེན་གྱིས། །ཨུཏྤལ་པདྨ་ཀུ་མུ་ཏ། །པདྨ་དཀར་པོ་དྲི་ཞིམ་དང། །ཨ་ག་རུ་དང་ [495A]༄༅། །ཙནྡན་དང། །དེ་བཞིན་ལྷ་རྫས་ཕྲེང་བ་དང། །ལྷ་རྫས་གོས་ཀྱང་འཐོར་པར་འགྱུར། །འཇིག་རྟེན་མགོན་དེ་གྲོང་ཁྱེར་གྱི། །མཆོག་ཏུ་གཤེགས་པ་མཐོང་ནས་ ནི༑ ༑ཤིང་བལ་འདབ་ལྟར་འཇམ་པ་ཡི། །ས་དེར་གདིང་བརྒྱ་ཆེར་འདིང། །དེ་དག་ལམ་གར་ཕྲེང་བ་ནི། །སྣ་ཚོགས་མཛེས་པ་རྣམ་པར་འགྲེམ། །ལྷ་ཡི་བུ་ནི་མཐུ་ཆེན་དང། །མི་རྣམས་ཡིད་ ནི་རབ་དང་བ། །གདུགས་དང་རྒྱལ་མཚན་བ་དན་དང། །སྤོས་དང་ཕྲེང་བ་བྱུག་པ་དང། །རོལ་མོ་སྒྲ་སྙན་བསྒྲགས་པ་ཡིས། །སྟོན་པ་ལ་ནི་མཆོད་པར་འགྱུར། །བརྒྱ་བྱིན་མིག་སྟོང་ ལྷ་རྣམས་ཀྱི། །རྒྱལ་པོ་བདེ་སོགས་བདག་པོ་དེ། །རབ་མགུ་ཐལ་མོ་སྦྱར་ནས་ནི། །འཇིག་རྟེན་མགོན་ལ་བསྟོད་པར་བྱེད། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱེད་ ལ་ཕྱག་འཚལ་ལོ། །གང་ཟག་མཆོག་གྱུར་བཅོམ་ལྡན་འདས། །སྐྱེ་རྒུ་ལ་ནི་ཐུགས་བརྩེར་མཛོད། །དེ་ཡི་ཚེ་ན་ལྷ་ཡི་བུ། །མཐུ་ཆེན་བདུད་ཅེས་བྱ་བ་འབྱུང། །དེ་ཡང་ཐལ་མོ་རབ་ སྦྱར་ནས། །འཇིག་རྟེན་མགོན་ལ་བསྟོད་པར་བྱེད། །ཚངས་པའི་འཁོར་གྱིས་ཡོངས་བསྐོར་ཅིང། །ཚངས་པས་ཀྱང་ནི་མདུན་བདར་ཏེ། །ཚངས་པའི་དབྱངས་ནི་སྒྲོག་བཞིན་དུ། །དམ་ པའི་ཆོས་ནི་གསུང་བར་འགྱུར། །ཟག་ཟད་ཉེས་པ་རྣམས་བྲལ་ཞིང་།སྲིད་པའི་འཆིང་བ་རབ་སྤངས་པའི། །དགྲ་བཅོམ་རྣམས་ཀྱིས་ས་འདི་ནི། །ཐམས་ཅད་ཀུན་ཏུ་གང་བར་ [495B] ༑ལྷ་དང་མི་དང་དྲི་ཟ་དང། །གནོད་སྦྱིན་དང་ནི་སྲིན་པོ་ཀླུ། །མཐུ་ཆེན་རྣམས་ནི་མགུ་གྱུར་ནས། །སྟོན་ལ་མཆོད་པ་བྱེད་པར་འགྱུར། །གང་དག་བྱམས་པའི་བསྟན་པ་ལ། །ཚངས་ པར་སྤྱད་པ་སྤྱོད་གྱུར་པ། །དེ་དག་གདོན་མི་ཟ་བར་ནི། །ཉོན་མོངས་མེད་ཅིང་ཐེ་ཚོམ་མེད། །གང་དག་བྱམས་པའི་བསྟན་པ་ལ་།ཚངས་པར་སྤྱོད་པ་སྤྱོད་གྱུར་པ། །དེ་དག་གདོན་མི་ཟ་བར་ ནི༑ ༑ང་ཡི་མེད་ཅིང་ཡོངས་འཛིན་མེད། །གསེར་དང་དངུལ་ལ་འཛིན་མེད་ཅིང། །གནས་མེད་ཆགས་པའང་ཡོད་པ་མིན། །གང་དག་བྱམས་པའི་བསྟན་པ་ལ། །ཚངས་པར་སྤྱད་པ་སྤྱོད་ གྱུར་པ༑ ༑དེ་དག་གདོན་མི་ཟ་བར་ནི། །སྲེད་པའི་དྲ་བ་བཅད་པ་དང། །བསམ་གཏན་རྫོགས་པར་བྱས་ནས་ནི། །དགའ་དང་བདེ་དང་ཡང་དག་ལྡན། །འབྱུང་པོ་ཀུན་ལ་ཐུགས་བརྩེ་བ། །བྱམས་ པ་རྐང་གཉིས་རྣམས་ཀྱི་མཆོག་ལོ་ནི་དྲུག་ཁྲི་དག་ཏུ་ཡང། །དམ་པའི་ཆོས་ནི་སྟོན་པར་འགྱུར། །དེ་ན་སྲོག་ཆགས་བརྒྱ་སྟོང་དང་།འབུམ་ཕྲག་རྣམ་པར་འདྲེན་པ་སྟེ། །དམ་པའི་ ཆོས་ལ་བཏུལ་ནས་ནི། །དེ་ནས་མྱ་ངན་འདའ་བར་འགྱུར། །ཐུབ་པ་ཆེན་པོས་གསུངས་པ་དེ། །ཡོངས་སུ་མྱ་ངན་འདས་ནས་ཀྱང། །དེ་ཚེ་དེ་ཡི་དམ་ཆོས་ནི། །ལོ་ཁྲི་དག་ཏུ་གནས་པར་ འགྱུར༑ ༑རྒྱལ་བ་ཤཱཀྱ་ཐུབ་དེ་ལ། །སེམས་ནི་རབ་ཏུ་དད་པར་གྱིས། །དེས་ན་བྱམས་པ་རྐང་གཉིས་མཆོག་རྫོགས་པའི་སངས་རྒྱས་མཐོང་བར་འགྱུར། །དེ་ཕྱིར་སངས་རྒྱས་ཆོས་དག་ [496A]༄༅། །དང། །དགེ་འདུན་ཚོགས་ཀྱི་མཆོག་ལ་ནི། །སེམས་ནི་རབ་ཏུ་དད་གྱིས་དང། །དོན་ཆེན་རབ་ཏུ་འགྲུབ་པར་འགྱུར། །ཐུགས་རྗེ་ཆེ་ལྡན་དེ་ལྟ་བུའི། ། བྱམས་པ་རྐང་གཉིས་མཆོག་གྱུར་པ། །དེ་ཚེ་མཉེས་པར་བྱས་ནས་ནི། །དེ་ནས་མྱ་ངན་འདའ་བར་འགྱུར། །ཡ་མཚན་འདི་དག་ཐོས་གྱུར་ཅིང། །འབྱོར་པ་མི་ཉུང་མཐོང་ མཛད་དེ། །ནག་པོའི་རིགས་ཀྱང་དད་འགྱུར་ན། །མཁས་པ་སུ་ཞིག་དད་མི་འགྱུར། །དེ་ཕྱིར་འདི་ན་བདག་ཉིད་ཆེ། །འདོད་ཅིང་བདག་ལ་ལེགས་འདོད་པས། །སངས་རྒྱས་ བསྟན་པ་དྲན་བཞིན་དུ། །དམ་པའི་ཆོས་ལ་གུས་པར་བྱ། །འཕགས་པ་བྱམས་པ་ལུང་བསྟན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ དང། ལོཙྪ་བ་བནྡྷེ་དཔལ་བརྩེགས་རཀྵི་ཏས་བསྒྱུར།།